2 雅鲁藏布大峡谷 小学语文 人教2001课标版
གཅིག ཤེས་བྱ་དང་ནུས་རྩལ།
༡、སློབ་ཚན་ནང་གི་ཐ་སྙད་གསར་པ་དག་འབྲི་ཀློག་དོན་གསུམ་དང་བེད་སྤྱོད་བྱེད་ཚུལ་ཤེས་པ་བྱ་རྒྱུ།
༢、སློབ་ཚན་སྒྲ་དག་ཅིང་ཚིག་གི་གཅོད་མཚམས་གསལ་པོའི་སྒོ་ནས་ཀློག་རྒྱུར་མཛུབ་སྟོན་བྱས་ནས་ཐོག་པ་མེད་པར་འབྱོང་ཀློག་ཐུབ་པའི་རྨང་གཞིའི་ཐོག་ཚིག་དོན་དང་བརྗོད་དོན་ལ་གོ་བ་རགས་ཙམ་ལོན་པ་བྱ་རྒྱུ།
༣、ཕོ་བྲང་པོ་ཏ་ལ་ནི་ས་ཆ་གང་ཞིག་གི་རི་བོ་ཇི་འདྲ་ཞིག་གི་སྟེང་དུ་བཞེངས་ཡོད་པ་དང་། དེའི་བཟོ་སྐྲུན་གྱི་རྒྱ་ཁྱོན་དང་། ཁྱད་ཆོས། གྲུབ་ཚུལ། ནང་གི་རྟེན་རྫས་བཅས་རགས་ཙམ་ངོས་འཛིན་ཐུབ་པ་བྱ་རྒྱུ།
༤、ཕོ་བྲང་པོ་ཏ་ལ་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་བོད་མི་དམངས་ཀྱི་བློ་གྲོས་དང་སྙིང་སྟོབས་ལ་བརྟེན་ནས་བཞེངས་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་བྱས་ཐོག་རིན་ཐང་བྲལ་བའི་གནའ་ཤུལ་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་བསམ་བློ་སྐྱེད་སྲིང་ཐུབ་པ་བྱ་རྒྱུ།
གཉིས། བརྒྱུད་རིམ་དང་ཐབས་ལམ།
༡、སློབ་ཚན་དང་འབྲེལ་ཡོད་ཀྱི་པར་རིས་འགའ་བཏོན་ཏེ་དམར་ཁྲིད་ཀྱི་ཐབས་ལ་བརྟེན་ནས་བསླབ་ཚན་གྱི་ཁ་བྱང་དང་ནང་དོན་ལ་གོ་བ་རགས་ཙམ་ལོན་པ་བྱ་རྒྱུ།
༢、སློབ་ཚན་ནང་གི་ལྡོག་ཟླའི་ཡི་གེ་དང་ཞེ་ཚིག་སོགས་ཀྱི་ཡི་གེ་ཁག་ནག་པང་གི་ཟུར་ངོས་སུ་བཏོན་ནས་སློབ་མར་དྲི་བ་འདོན་པའི་ཐབས་ལ་བརྟེན་ནས་གསལ་རྟོགས་ཐུབ་པ་བྱ་རྒྱུ།
༣、སྔོན་ལ་དགེ་རྒན་གྱི་སྒྲ་དག་ཅིང་ཚིག་གི་གཅོད་མཚམས་གསལ་ལ་བརྩེ་སེམས་དང་ཉམས་འགྱུར་ལྡན་པའི་ངང་སློབ་ཚན་འགོ་ནས་མཇུག་བར་ཐེངས་གཅིག་ཀློག་འདོན་བྱ་རྒྱུ། ༼ ཀློག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་མ་རྣམས་ནོར་སླ་བའི་ཚིག་དོན་གྱི་གཅོད་མཚམས་དང་གོ་དཀའ་བའི་མིང་ཚིག་ལ་རྟགས་རྒྱག་དགོས་པའི་བླང་བྱ་འདོན་རྒྱུ། ༽ དེ་རྗེས་སློབ་ཕྲུག་རྣམས་ཐུན་མོང་ཐོག་སྐད་གསང་ཐོན་ཞིང་ཉམས་འགྱུར་ལྡན་ལ་ཚིག་གི་གཅོད་མཚམས་ཁ་གསལ་བའི་སྒོ་ནས་ཐེངས་གཅིག་ཀློག་འདོན་བྱེད་ཏུ་འཇུག་རྒྱུ།༼ སློབ་ཕྲུག་བུ་དང་བུ་མོ་ཚོགས་ཆུང་གཉིས་སུ་དབྱེ་ནས་དུམ་བུ་རེ་རེ་བཞིན་ཕན་ཚུན་རེ་མོས་ཀྱིས་ཀློག་འདོན་བྱེད་དུ་འཇུག་རྒྱུ། ༽
༤、དགེ་རྒན་གྱི་མཛུབ་སྟོན་དང་སློབ་མ་རང་ཉིད་ཀྱི་བསམ་གཞིགས་བྱ་རྒྱུ་ཟུང་འབྲེལ་གྱི་ཐབས་ཤེས་ལ་བརྟེན་རྒྱུ།
གསུམ། བརྩེ་སེམས་ཀྱི་ཉམས་འགྱུར་དང་རིན་ཐང་གི་འདུ་ཤེས།
༡、སློབ་ཚན་དེ་སློབ་ཁྲིད་བྱས་པ་བརྒྱུད། སློབ་མ་ཚོས་བོད་གངས་ཅན་ས་ཡི་ཐིག་ལེར་ཆགས་པའི་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་ལ་སྙན་གྲགས་མཛམ་གླིང་ཡོངས་ལ་ཁྱབ་པའི་ཕོ་བྲང་པོ་ཏ་ལ་ནི་ལས་ལ་བརྩོན་ཞིང་དཀའ་ངལ་ལ་ཞུམ་པ་མེད་པའི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་བློ་གྲོས་ལ་བརྟེན་ནས་བསྐྲུན་པ་ཡིན་པས། སློབ་མས་བོད་མི་རིགས་ཀྱི་བློ་གྲོས་དང་འཇོན་ཐང་ལ་རྒྱུས་མངའ་ལོན་པ་བྱ་རྒྱུ་དང་བོད་རིགས་མི་དམངས་ནི་གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་དཔའ་ངར་དང་བློ་གྲོས་ལྡན་པའི་མི་རིགས་ཤིག་ཡིན་པ་ཤེས་རྟོགས་ཐུབ་པ་བྱ་རྒྱུ།
༢、སློབ་མ་ཚོས་ཆུང་དུས་ནས་བོད་མི་རིགས་ཀྱི་རིན་ཐང་བྲལ་བའི་གནའ་ཤུལ་རིག་དངོས་ལ་སྲུང་སྐྱོབ་དང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་བྱ་རྒྱུ།
ངེད་འཛིན་གྲྭའི་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ཅུང་ཞན་ཙམ་འདུག་པས་དམར་ཁྲིད་དང་མྱོང་ཁྲིད་ཟུང་དུ་འབྲེལ་བའི་རྨང་གཞིའི་ཐོག་སློབ་མའི་ལག་པ་འགུལ་བ་དང་བསམ་གཞིགས་ཀྱི་ནུས་པ་གསོ་རྒྱུར་སྣང་ཆེན་གྱིས་སློབ་ཁྲིད་ཀྱི་ཐབས་ལམ་སྣ་མང་རང་བཞིན་དང་དགེ་སློབ་མཉམ་སྤྱོད་ཀྱི་ཐབས་ལམ་སྤྱད་ནས་སློབ་ཁྲིད་བྱ་རྒྱུ།
༡、སློབ་ཚན་ཧྲིལ་པོ་འབྱོང་ཀློག་ཐུབ་པ་དང་སློབ་ཚན་གྱི་ནང་དོན་ཁོང་དུ་ཆུད་ཐུབ་པ་བྱ་རྒྱུ།
༢、ཕོ་བྲང་པོ་ཏ་ལ་ས་ཆ་གང་ཞིག་གི་རི་བོ་ཅི་འདྲ་ཞིག་གི་སྟེང་དུ་བཞེངས་ཡོད་པ་དང་། དེའི་བཟོ་སྐྲུན་གྱི་རྒྱ་ཁྱོན་དང་། ཁྱད་ཆོས། གྲུབ་ཚུལ། ནང་གི་རྟེན་རྫས་བཅས་རགས་ཙམ་ངོས་འཛིན་ཡོང་བ་བྱ་རྒྱུ།
༣、ཕོ་བྲང་པོ་ཏ་ལ་ནི་བོད་རིགས་མི་དམངས་ཀྱི་བློ་རིག་ལ་བརྟེན་ནས་བཞེངས་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པའི་རྨང་གཞིའི་ཐོག་སློབ་ཕྲུག་ཚོས་ཆུང་བྱིས་པའི་དུས་ནས་མེས་པོ་གོང་མ་ཚོའི་རྔུལ་ཁྲག་ལས་བསྐྲུན་པའི་གནའ་ཤུལ་གྱི་རིག་དངོས་ལ་སྲུང་སྐྱོབ་དང་གཅེས་འཛིན་བྱེད་པའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་དང་གོམས་གཤིས་འཇགས་པ་བྱ་རྒྱུ།
༡、སློབ་ཚན་གྱི་དུམ་བུ་དང་པོ། གཉིས་པ། གསུམ་པ་བཅས་ཀྱི་ནང་དོན་རྟོགས་པ་བྱ་རྒྱུ།
༢、ཕོ་བྲང་པོ་ཏ་ལ་སྤྱི་ལོ་ག་དུས་བོད་རྒྱལ་སུས་ས་ཆ་གང་ཞིག་ཏུ་བཞེངས་པ་ཤེས་པ་བྱ་རྒྱུ།
༣、པོ་ཏ་ལའི་བཟོ་སྐྲུན་གྱི་ཁྱད་ཆོས་གསལ་རྟོགས་ཐུབ་པ་བྱ་རྒྱུ།
༡、ཕོ་བྲང་པོ་ཏ་ལ་སྤྱི་ལོ་ག་དུས་བོད་རྒྱལ་སུས་ས་ཆ་གང་ཞིག་ཏུ་བཞེངས་པ་ཤེས་པ་བྱ་རྒྱུ།
༢、པོ་ཏ་ལའི་བཟོ་སྐྲུན་གྱི་ཁྱད་ཆོས་གསལ་རྟོགས་ཐུབ་པ་བྱ་རྒྱུ།
༡、སློབ་ཚན་འདི་བསླབས་པ་བརྒྱུད་གནས་ཤུལ་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་བྱ་རྒྱུ།
༢、པོ་ཏ་ལའི་བཟོ་སྐྲུན་གྱི་ཁྱད་ཆོས་གསལ་རྟོགས་ཐུབ་པ་བྱ་རྒྱུ།
བསྐྱར་སྦྱོང་།
༡、མིང་ཚིག་དཔོད་བྲིས་བྱ་རྒྱུ། ༼ ངག་ཐོག་ནས་འབྱོར་ཀློག་བརྒྱབ་ནས་ཤོད་དུ་འཇུག་པ། ༽
ཕོ་བྲང་། ཁྲོ་ཆུ། ཤམ་བུ། སྐུ་བརྙན། ཀ་འཕན། དར་ཚོན།
༢、མིང་ཚིག་གི་གོ་དོན་ངག་ཐོག་ནས་ཤོད་དུ་འཇུག་རྒྱུ།
ཕོ་བྲང་། : རྒྱལ་པོ་སྡོད་སའི་ཁང་པ། ༼ འདུ་ཚོགས་བྱེད་པའི་ཁང་པ། ༽
ཁྲོ་ཆུ། : ཁྲོ་ལྕགས་བཞུས་ནས་ཆུ་ལྟར་འཁོལ་བའི་མིང་།
ཤམ་བུ། : རས་སོགས་ལས་བཟོས་པའི་སྒོ་དང་སྒེའུ་ཁུང་གི་རྒྱན།
སྐུ་བརྙན། : གཟུགས་བརྙན་གྱི་ཞེ་ས།
ཀ་འཕན། :གོས་ཆེན་དང་རས་སོགས་ཀྱི་བཟོས་པའི་ཀ་བའི་རྒྱན་ཞིག།
དར་ཚོན།:ཚོན་སྣ་སྣ་ཚོགས་འཛོམས་པའི་དར་ཆ།
དམར་ཁྲིད་ཀྱི་ཐབས་ལ་བརྟེན་ནས་བོད་ལྗོངས་སུ་ཆགས་པའི་གནའ་ཤུལ་གྲགས་ཅན་གྱི་གནས་མཆོག་དགོན་སྡེ་ཁག་ཅིག་གི་པར་རིས་བརྙན་ངོས་སྟེང་བཏོན་ནས་སློབ་མ་རྣམས་པར་རིས་སྟེང་གི་དགོན་སྡེ་ཁག་ངོས་འཛིན་བྱེད་དུ་བཅུག་ནས་གནའ་ཤུལ་གྲགས་ཅན་དེ་དག་གི་གནས་བབས་གང་འདྲ་ཞིག་བཟུང་ཡོད་པ་ཤེས་རྟོགས་ཐུབ་པའི་རྨང་གཞིའི་ཐོག་སློབ་མའི་སེམས་སུ་བོད་ལྗོངས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནས་མཆོག་ཞིག་ཡིན་པའི་བག་ཆགས་འཇོག་ཐུབ་པ་དང་སློབ་མའི་བློ་སེམས་འཁྲིད་བྱའི་སློབ་གཞིའི་ནང་དོན་ལ་བཀུག་ཐུབ་པ་བྱ་རྒྱུ།
༡、སློབ་ཕྲུག་ཚོ་དགོན་སྡེ་དེ་དག་ལ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་མྱོང་ཡོད་པས།
༢、བྱས་ན་སློབ་ཕྲུག་ཚོ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུར་དགའ་པོ་ཡོད་པས།
དགེ་རྒན་ནས།
༣、བྱས་ན་ཡག་པོ་ཞེ་དྲག་བྱུང་། དེ་རིང་ང་ཚོ་མཉམ་དུ་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་ན་ཡོང་ང་འདུག་གམ།
༤、དེ་རིང་ང་ཚོའི་ཡུལ་སྐོར་སྣེ་ཤན་པ་ནི་ང་རང་ཚོའི་སྒྲིག་ཙེའི་སྟེང་དུ་ཡོད་པའི་སློབ་དེབ་འདི་རེད།
༥、སློབ་ཕྲུག་ཚོའི་སེམས་ནང་ཡང་སྙིང་ང་ཚོ་ཡུལ་སྐོར་ལ་འགྲོ་སའི་གནས་མཆོག་འདི་གང་དུ་ཡིན་བསམ་གྱི་འདུག་གས།
༦、དེ་རིང་ང་ཚོས་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་ང་ཚོའི་མེས་པོ་ཚོས་བློ་གྲོས་ཀྱི་རྩལ་དང་སྙིང་སྟོབས་ལ་བརྟེན་ནས་བསྐྲུན་ཞིང་སྙན་གྱི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ་པའི་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་ལ་འགྲོ་རྒྱུ་རེད།
༼ སློབ་ཁྲིད་ཀྱི་ནང་དོན་དངོས། ༽
གཅིག། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་རྒྱབ་ལྗོངས་མདོར་བསྡུས་ཙམ་ངོ་སྤྲོད་བྱ་རྒྱུ། ༼ སྨྱན་མང་། ppt ༽
སྙན་གྱི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ་པའི་ཕོ་བྲང་པོ་ཏ་ལ་ནི། ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་དམར་པོ་རིའི་སྟེང་དུ་ཆགས་ཤིང་། འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་སྐྱིད་ཤོད་ཡུལ་དུ་སྤོས་ཏེ། སྤྱི་ལོ་༦༣༡ལོར་ཐོག་མར་བཞེངས་འགོ་ཚུགས་ནས་བཞེངས། ཕྱིས་སུ་དམག་འཁྲུག་གི་རྐྱེན་པས་ཉམས་རྒུད་ཆེན་པོ་བྱུང་། དེ་རྗེས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་བསྐྱེད་གནང་ཞིང་། ཕྱི་ཡུལ་ནས་ཕོ་བྲང་འདི་ཕོ་བྲང་དཀར་པོ་དང་དམར་པོ་གཉིས་སུ་དབྱེ་ཡོད། ཕོ་བྲང་དཀར་པོའི་ནང་གཙོ་བོར་རྒྱལ་དབང་སྐུ་ཕྲེང་ཁག་གི་བཞུགས་གནས་དང་ཆོས་སྲིད་ཀྱི་མཛད་སྒོ་གནང་ས། ཕོ་བྲང་དམར་པོའི་ནང་སྔོན་གྱི་རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཁག་བཞུགས་གནས་ཡིན།
གཤམ་ལ་ང་ཚོ་མཉམ་དུ་གནས་མཆོག་ཕོ་བྲང་པོ་ཏ་ལར་ཤེས་རྟོགས་བྱེད་པ་འཐད་དོ།
གཉིས། སློབ་ཚན་གྱི་དུམ་བུ་དང་པོ་ཀློག་འདོན་བྱ་རྒྱུ། ༼ སློབ་ཕྲུག་བུས་ཀློག་འདོན་བྱ་རྒྱུ། ༽
༡、བུ་དང་བུ་མོ་ཚོགས་ཆུང་གཉིས་སུ་དབྱེ་ནས་ཀློག་འདོན་བྱ་རྒྱུ།
༢、སློབ་ཕྲུག་བུས་ཀློག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་བུ་མོ་རྣམས་ཚིག་གི་གཅོད་མཚམས་ལ་ནོར་འཛོལ་བྱུང་མིན་བལྟ་ཏུ་བཅུག་རྒྱུ། ༼ སློབ་ཕྲུག་བུས་ཀློག་འདོན་ཟིན་རྗེས་བུ་མོ་ཚོར་ནོར་འཛོལ་བྱུང་ཡོད་མེད་ལ་སྐད་ཆ་དྲིས་ནས་གལ་སྲིད་ཡོད་ན་སྔོན་ལ་སློབ་ཕྲུག་རྣམས་ཡོ་བསྲང་བྱ་རུ་འཇུག་པ། དེ་རྗེས་དགེ་རྒན་ནས་ཀློག་འདོན་ཐད་གསལ་འགྲེལ་བྱ་རྒྱུ། ༽
གསུམ། འདྲི་བའི་ཐབས་ལ་བརྟེན་ནས་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱ་རྒྱུ།
༡、ཕོ་བྲང་པོ་ཏ་ལ་ནི་ས་ཆ་གང་ཞིག་གི་རི་བོ་ཅི་འདྲ་ཞིག་གི་སྟེང་དུ་བཞེངས་ཡོད།
༢、པོ་ཏ་ལ་བཞེངས་པའི་རི་བོ་དེའི་གཟུགས་དབྱིབས་གང་འདྲ་ཞིག་ཡིན།
༣、ཕོ་བྲང་པོ་ཏ་ལར་རིན་ཐང་གང་ཞིག་ལྡན་ཡོད།
བཞི། སློབ་ཚན་གྱི་དུམ་བུ་གཉིས་པ་ཀློག་འདོན་བྱ་རྒྱུ། ༼ སློབ་ཕྲུག་བུ་མོས་་ཀློག་འདོན་བྱ་རྒྱུ། ༽
༡、བུ་དང་བུ་མོ་ཚོགས་ཆུང་གཉིས་སུ་དབྱེ་ནས་ཀློག་འདོན་བྱ་རྒྱུ།
༢、སློབ་ཕྲུག་བུ་མོས་ཀློག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་བུ་ཚོ་ཚིག་གི་གཅོད་མཚམས་ལ་ནོར་འཛོལ་བྱུང་མིན་བལྟ་ཏུ་བཅུག་རྒྱུ། ༼ སློབ་ཕྲུག་བུ་མོས་ཚོས་ཀློག་འདོན་ཟིན་རྗེས་བུ་ཚོར་ནོར་འཛོལ་བྱུང་ཡོད་མེད་ལ་སྐད་ཆ་དྲིས་ནས་གལ་སྲིད་ཡོད་ན་ སྔོན་ལ་སློབ་ཕྲུག་རྣམས་ཡོ་བསྲང་བྱ་རུ་འཇུག་པ། དེ་རྗེས་དགེ་རྒན་ནས་ཀློག་འདོན་ཐད་གསལ་འགྲེལ་བྱ་རྒྱུ། ༽
ལྔ། འདྲི་བའི་ཐབས་ལ་བརྟེན་ནས་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱ་རྒྱུ།
༡、ཕོ་བྲང་པོ་ཏ་ལ་སྤྱི་ལོ་ག་དུས་བོད་རྒྱལ་སུས་བཞེངས་པ་རེད།
༢、རྒྱ་མཚོའི་ངོས་ལས་མཐོ་ཚད་་སྨི་ག་ཚོད་སྟེང་བཞེངས་ཡོད།
༣、པོ་ཏ་ལར་ཐོག་བརྩེགས་ག་ཚོད་ཡོད།
༤、ཕོ་བྲང་གི་མཐོ་ཚད་ལ་ཛི་ཙམ་ཡོད།
༥、ཤར་ནས་ནུབ་ཀྱི་རིང་ཚད་ལ་སྨི་ག་ཚོད་ཡོད།
༦、སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ག་ཚོད་ཡོད།
དྲུག། སློབ་ཚན་གྱི་དུམ་བུ་གསུམ་པ་ཀློག་འདོན་བྱ་རྒྱུ། ༼ བུ་དང་བུ་མོ་ཐུན་མོང་ཐོག་་ཀློག་འདོན་བྱ་རྒྱུ། ༽
༡、བུ་དང་བུ་མོ་ཐུན་མོང་ཐོག་་ཀློག་འདོན་བྱ་རྒྱུ།
༢、སློབ་ཕྲུག་ཚོས་ཀློག་འདོན་བྱེད་པའི་བརྒྱུད་རིམ་ཁྲོད་དགེ་རྒན་ནས་ཚིག་གི་གཅོད་མཚམས་ཡང་དག་མིན་ལ་བལྟས་ནས་གལ་སྲིད་ནོར་འཛོལ་ཡོད་ན་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུ།
བདུན། འདྲི་བའི་ཐབས་ལ་བརྟེན་ནས་སློབ་ཚན་གྱི་ནང་དོན་དབྱེ་ཞིབ་བྱ་རྒྱུ།
༡、ཕོ་བྲང་པོ་ཏ་ལའི་རྨང་གང་འདྲ་བཏིང་ཡོད།
༢、པོ་ཏ་ལའི་གྱང་ཇི་ལྟར་བརྩིགས་ཡོད།
༣、ཕོ་བྲང་པོ་ཏ་ལ་ཇི་ལྟར་བྱས་ནས་བཞེངས་པ་ཡིན།
༤、ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་གྱི་ཁྱད་ཆོས་གང་ཡིན།
སློབ་ཚན་གྱི་ནང་དོན་སྲ་བརྟན།
སློབ་ཁང་སྦྱང་གཞི།
བདུན་པ། མཇུག་བསྡོམས།
ཚོགས་ཐུན་འདིའི་ནང་ང་ཚོས་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་གནས་ཆགས་པའི་གནས་མཆོག་ཕོ་བྲང་པོ་ཏ་ལ་གནས་ཡུལ་དང་རིན་ཐང་གང་འདྲ་ཡོད་མེད། སྤྱི་ལོ་ག་དུས་བོད་རྒྱལ་སྐུའི་སྐུ་རིང་ལ་ཕྱག་བཏབ་པ། འཛུགས་བསྐྲུན་གྱི་ཁྱད་ཆོས་། བཟོ་སྐྲུན་གྱིབཀོད་པའི་སྐོར་སློབ་སྦྱོང་བྱས་པ་རེད། རེ་བར་སློབ་ཕྲུག་ཚོས་དུས་ཁོམ་ཡོད་དུས་ཕོ་བྲང་པོ་ཏ་ལར་བསྐྱོད་ནས་སློབ་ཚན་དུ་ཁྲིད་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཕོ་བྲང་པོ་ཏའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ལོན་ཐུབ་པའི་རེ་བ་ཡོད། མ་ཟད་ང་ཚོས་ཆུང་དུས་ནས་གནའ་ཤུལ་རིག་དངོས་ལ་སྲུང་སྐྱོབ་བྱེད་དགོས་པའི་བསམ་བློའི་བག་ཆགས་གསོ་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ་དེ་ནི་ང་ཚོ་མ་འོངས་བོད་གསར་བདག་པོ་ཁྱེད་ཚོའི་ཕྲག་ཏུ་འབབ་པའི་འགན་འཁྲི་ཞིག་ཡིན་པས་དེའི་ཐད་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་ཐུབ་པར་སྨོན།